ཨ་ཞིམ་པད་མ་། ཁྱོད་ང་ལུ་བལྟ་སྟེ་་རྩིགཔ་ཟ་རུང་ ད་རེས་ཚར་གཅིག་ང་ལུ་གསན་གནང་།
ཆདཔ་གཟར་ཁའི་ཆུ་ཡང་ཡོད། འཛོལཝ་བླ་མའི་གསུང་ཡང་ཡོད། ང་བཅས་འདི་མི་ཕལ་པ་མས། འཇིག་རྟེན་ཕལ་པའི་བྱ་བ་ལུ་འཛོལ་བ་
འབྱུང་སྲིད་པ་རང་བཞིན་ཨིན། ཐུགས་ལུ་མངའ་དགོཔ་ དེ་སྦེ་ཡོད་ གཅེས་གཅེས།
མ་གཞི་གིས་ ང་གི་ཁྱོད་ལུ་ཚོད་བལྟ་དགོ་མནོཝ་ཡང་མེད། ཁྱོད་སེམས་བསད་དགོ་མནོཝ་ཡང་མེད།
ཁྱོད་ལུ་མ་རུངམ་འབད་དགོ་མནོཝ་ཡང་ རྩ་ལས་རང་མེད། ང་རང་ཡང་ འཕྲལ་འཕྲལ་སེམས་དགའ། འཕྲལ་འཕྲལ་སེམས་ཕམ།
འཕྲལ་འཕྲལ་བགོད་བྲ། རེ་ཚེ་རྩིགཔ་ཟ་བའི་ན་ཅིག་འབད་ སེམས་གནས་པ་ མེདཔ་ བློ་སེམས་གཏན་གཏན་མེདཔ་ཅིགལུ་
འགྱུར་སོང་ཡི། ད་རེས་ཀྱིརྐྱེན་ངན་དེ་ཡང་ རང་སེམས་ བགོད་མའི་དབང་ལུ་ཤོར་བའི་སྟབས་ཀྱིས་
བྱུང་བྱུངམ་མ་གཏོགས་ གཞན་རྩ་ལས་མེན། ང་ཁྱོད་ལུ་བསམ་ བློ་ངན་པ་དེ་ ཁབ་ཀྱི་རྩེ་ཙམ་ཡང་མེད།
དཀོན་མཆོག་གསུམ་སྦུག་ལུ་བཙུགས་ཏེ་ མནའ་འབོར་དོ་རྨེ། ཁྱོད་ རང་གིས་ཡང་ ང་བཅས་ཨ་རྟག་རང་རྩེདམོ་རྩེད།
བགོད་བྲ་འགྱུར་སྡོདཔ་ཨིན་ཟེར་ག་དེམ་ཅིག་ཡང་ཤེས་སྟེ། དེ་འབདཝ་ད་ ང་ཁྱོད་ཀྱི་ཚོད་བལྟ་བལྟཝ་དེ་
རྩ་ལས་མེན་རྨེ། གཙོ་བོ་མནོ་བསམ་བཏང་ཐངས་ཀྱི་ཁྱད་པར་ ཆུང་ཀུ་ཅིག་གིས་ བསྐྱེལ་ས་མ་སྐྱེལཝ་འདེ་བསྐྱལ་ད་ནུག
ཨིན་རུང་ཁྱད་མིན་འདུག ཐལ་དགོཔ་ཐལ་ཚར་ ཡི། ལཱ་འཛོལ་བ་དེ་གེ་ར་ང་ལུ་ཡོད། ཁྱོད་རྩིགཔ་མ་ཟ་མས།
སེམས་མ་ཕམ་མས་ བཏུབ་ག? ཁྱེད་རྩིགཔ་ཟ་སྟེ་ ང་ལུ་སླབ་བཏུབ་མ་བཏུབ་གེ་ར་སླབ། སླབ་མེན་ཚད་ལགཔ་གནང་།
ལགཔ་ གནངམ་མེན་ཚད་ ང་སྐྱེ་བསྡམས་ཏེ་བསད་ད་རུང་ ང་ཁྱོད་ལུ་གཏམ་ཕུ་ཟེརཝ་ཅིག་སླབ་པར་མི་ལྷོད།
ཁྱོད་ལུ་མ་རངསམ་དང་ མ་དགའཝ་བསྐྱེད་དགོཔ་རྩ་ལས་མེད། ཁྱོད་འབད་ཚེ་ ཁོང་ཁྲོ་བའི་སྟབས་ཀྱིས་
མནོ་ཚེ་དྲན་ཚེ་གེ་ར་ ཁ་ལས་ཐོན་ཚུགསཔ་རྨམ། ངནི་ཁྱོད་ལུ་བལྟ་སྟེ་ བློ་འཁོལ་བའི་ན་ སེམས་ཕམ་པའི་ན་
མི་ཤེས་པར་ ང་ཁྱོད་ལུ་ལན་འཇལ་ནི་ཕར་བཞག ལྐོལམ་སྐམ་སྟེ་ ཐ་ན་ཚིལ་མ་ར་ལྐོལ་མར་མི་ཐལ་བས།
ཧིང་ཁར་ན་ཟུག་ག་བཟུམ་རྐྱབ་རུང་ མིག་ལས་མིག་ཆུ་ འབུད་སག་ས་འབད་རུང་ སྐྱེསཔ་ཕོ་རྒྱས་ཅིག་
འབདཝ་ལས་ ག་དེ་འབད་ཡང་ འབད་མི་ཤེས་པས། བུམོ་གཞན་ཅིག་འབད་བ་ཅིན་ རོགས་ཀྱིས་རང་ལུ་ འ་ནེམ་ཅིག་འབདཝ་ད་
དམྱལ་བ་འགྱོ་རུང་འགྱོ་ ག་ཏེ་འགྱོ་རུང་འགྱོ་ གཅིག་འདི་འབད་དཔ་འོང་། དེ་འབདཝ་ད་ ཁྱོད་ཟེར་མི་དེ་
ངེའི་དྲིན་ཅན་གྱི་ཨ་ཞིམ་ཅིག་ཨིན། དེ་བཟུམ་མའི་ དྲིན་ཅན་གྱི་མི་ལུ་ ང་གནི་འབདཝ་བཤོལ་ཏེ་ཡང་
མ་རངས་པའི་གཏམ་དང་ མ་རུང་པའི་སྤྱོད་པ་དེ་ སྟོན་མི་ནུམ་པས། ཁྱོད་ བཟུམ་ཅིག་བརྩོ་གདུང་ཅན་དང་
ལེགས་ཤོམ་འབད་མི་ ད་ལྟོ་ཚུན་ཚོད་ ང་རའི་དྲིན་ཅན་ཨའི་མ་གཏོགས་ ག་ཡང་མ་ཐོན། ཨ་ཞིམ་ཁྱོད་བཟུམ་ཅིག་
ད་ལས་ཕར་ ངེའི་མེ་ཚེ་ནང་འཕྱད་ཡང་མི་འཕྱདཔ་འོང་། འཕྱད་རུང་ཡང་ ང་གིས་ཁྱོད་ལུ་འབད་མི་ལཱ་ཚུ་
གེ་ར་འཛོལ་སོང་ནུག ང་མོ་ལུ་དེ་སྦེ་ རྩ་ལས་རང་མི་འབད།
ཨ་ཞིམ་ཁྱོད་ཀྱིས་ང་ལུ་ དུས་ད་ལྟོ་ཚུན་ཚོད་ཆ་རོགས་ག་དེ་དྲག་དྲ་འབད་ བྱམས་སྐྱོང་ཚད་མེད་
ཀྱི་སྒོ་ལས་ ལེགས་ཤོམ་འབད་གནང་མི་དེ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་རྨེ། ང་གིསན་ ཁྱོད་ལུ་
ཧིང་ཐག་བཅད་པའི་སྡུག་བསྔལ་ཅིག་ལས་བརྒལ་ ག་ནི་ཡང་བྱིན་མ་ཚུགས། དནི་ང་བཅས་གཉིས་ཀྱི་བར་གྱི་
བརྩེ་གདུང་དེ་ ནི་བཟུམ་ཅིག་ལུ་ཐུག་ཆེ་ཡི། ཧེ་མ་ཕན་ཚུན་གཅིག་གིས་གཅིག་ལུ་བསྟེན་ དགའ་ཏོག་ཏོ་
འབད་སྡོད་པའི་བསྒངནི་ ཕམ་གཅིག་གི་བུ་བཞིན་ བྱམོ་གཅིག་གི་བྱི་ཅུང་བཟུམ་ གཅིག་གིས་གཅིག་ལུ་
ཕང་སེམས་ཚད་མེདཔ་ཅིག་ བསྐྱེད་དེ་སྡོད་ཅི། དནི་ཁྱོད་ཀྱིས་ང་མཐོང་པའི་བསྒང་ལས་རང་སྔོན་
ཕ་མའི་ངོ་བསྒང་ལས་ཀྱི་ དགྲ་མཐོང་མཐོངམ་བཟུམ་སྦེ་འབདཝ་མས། ངནི་ཁྱོད་ལུ་ཕང་སེམས་ཆེ་བའི་
ན་ཟུག་གིས་ སེམས་ཀྱིས་བཟོད་མ་ཚུགས་པར་ མིག་གིས་བལྟ་དགོ་མནོ་རུང་ ཁྱོད་ཀྱིས་ང་འདྲེ་མཐོང་
མཐོངམ་བཟུམ་སྦེ་ འབད་བའི་བསྒང་ལས་ ངེའི་མིག་ཁར་མིག་ཆུ་རང་དབང་མེད་པར་ རྦ་རླབས་འཁྲུག་ཏེ་
འོངམ་མས། དེ་སྦེ་ མིག་ཆུ་ལྟོ་་འཁོལཝ་འདེ་འཁོལ་འོང་པའི་ བསྒང་ལས་ ཁྱོད་ལུ་བལྟ་ཡང་མི་ནུམ་
པས། རེ་ཚེ་སྐབས་ནི་ ཁྱོད་མཐོངམ་ད་ ཨ་རྟག་ང་དང་སྡོད་མི་ ངེའི་ཨ་ཞིམ་པད་མ་དེ་ཨིན་ན་མེན་ན་མནོཝ་ཡང་བཏངམ་མས། ཧེ་མ་འཆམ་པའི་དུས་སུནི་ དགའཝ་སྐྱིདཔ་འབད་ ང་གིས་སྡོད་མ་སྟེར།
དནི་ བློ་ཁོག་པའི་གཏིང་ལས་འགྱོད་དོ། འགྱོདཔ་རྟ་ལུ་བཀལ་རུང་ མི་ཐེག་པས།
ད་ ག་ལས་སྒོར་ས་ཅིག་རུང་ ཁྱོད་ཀྱིས་ང་ལུ་བལྟ་སྟེ་ རྩིགཔ་ཟ་ སེམས་ཕམ་མ་སྡོད་མས་
བཏུབ་ག? ཁྱོད་ཀྱིས་དེ་སྦེ་སྡོད་པ་ཅིན་ དགོ་པའི་ཡོན་ཏན་སྦྱང་མི་ཚུགས། ཁྱོད་རའི་མི་ཚེ་རྐྱངམ་ཅིག་
སྟོང་ལོག་འགྱོ་་འོང་། ཁྱོདནི་ད་ལྟོ་ལྡུམ་ར་ནང་གི་མེ་ཏོག་འབད་བ་ཅིན་ མེ་ཏོག་སྦུབ་ཅུང་དང་འདྲ།
ཁྱོད་ཀྱིས་ཁྱོད་རའི་གདོང་ལས་ཕར་ འབད་དགོཔ་བཅའ་དགོཔ་ ལེ་ཤ་ཡོད། ཁྱོད་དང་ང་བཅས་མི་འདྲ།
ང་བཅས་ ད་རེས་ནངས་པའི་མི་ཨིན། མནོ་བསམ་རྒྱ་ཆེ་ས་ལས་བཏང་དགོཔ་ཡོད་རྨེེ་ གཅེས་གཅེས། ད་འབདན་
ཨ་ཞིམ་ཁྱོོད་ཀྱིས་ང་ ནོ་གཅུང་འབད་ཡང་མི་བརྩིིཝ་འོང་། ཨིན་རུང་ ཁྱོད་རང་གིས་སླབ་དོ་བཟུམསྦེ་
ང་ གིས་ཡང་ངར་ལས་ད་ལྟོ་ཚུན་ ཁྱོད་ངེའི་ཨ་ཞིམ་ངོ་མ་ཡིན་པར་འཛིན་སྡོད་ཅི། ཕྱིན་ཆད་ད་ལས་ཕར་རང་
འབད་རུང་ ང་མནོ་བསམ་དེསྦེ་རང་བཏང་སྡོད་འོང་རྨེ། དྲིན་ཅན་གྱི་ཨ་ཞིམ་ཁྱོད་ ངེའི་ཁོག་པའི་
གཏིང་ལས་ཡལ་བཅུགཔ་བ་དེ་ ང་ཤི་སའི་གཡུས་ཁར་འགྱོོ་དོ་ཟེར་རུང་ དགའ་ནི་མས། ང་ལུ་བློ་ཐུབ་ཧིང་ཐུབ་ཟེར་རུང་
ཧིང་གི་ནོར་བུ་ཟེར་རུང་ ཨ་ཞིམ་ཁྱོད་གཅིག་ལས་མེད་ཟེར་བ་གིསན་ ཨ་ཞིམ་ཁྱོད་ཡང་ ད་རེས་ལས་སོ་སོར་འགྱོ་དོ་སྨོ།
ངེའི་ཕངས་པའི་ནོར་བུ་དེ་ཡང་ ལག་ལས་ཤོར་དོ། ངེའི་མུན་པ་སེལ་བའི་ ཁྲིད་གདུགས་དེ་ཡང་ ནུབ་པདྨའི་ཕྱོགས་་ལུ་འཛུལ་འགྱོ་དོ།
ཨ་ཞིམ་ཁྱོད་དང་ ངེའི་ལས་འཕྲོ་དེ་ཡང་ དེམ་ཅིག་འབད་ རྫོགསཔ་འོང་པས། བར་ལས་འཕྲོ་རྫོགསཔ་ཐ་ཆོད་འབདན་
ཚེ་ད་རེས་སྡོད་པའི་སྐལཝ་ དེམ་ཅིག་འོང་། ཚེ་ཕྱི་མ་འབདན་ དག་པའི་ཞིང་ལུ་མཇལ་བའི་སྨོན་ལམ་
ཡང་ཡང་བཏབ་བཞག་དོ་རྨེ་ གཅེས་གཅེས།
ཧིང་གི་ནོ་གཅུང་ཨྱོན་ང་གིས་
ཨ་ཞིནམ་ཁྱོད་ལུ་ ཁྱོད་ཀྱིས་ང་མཐོ་རིམ་སློབ་གྲཱ་ནང་སྡོདཔ་ད་ ཤ་ཚ་བའི་ཁ་ལས་ བཀྲ་མ་ཤིསཔ་མ་འབད་
ཕར་ཚུར་མ་བཤལ་ བུམ་གྱི་དོན་ལུ་ འགྲོ་སོང་མ་བཏང་ཟེར་ བསླབ་བྱ་གསེར་གྱིས་ཐིག་པ་གནང་མི་ལན་ལུ་
མནོ་བསམ་གཏང་མ་ཤེས་པའི་དབང་གིས་
“ང་ཁྱོད་ཀྱི་ནོ་གཅུང་ཨིན་ཟེར་སླབ་ནི་འདི་ཕར་བཞག་ མནོ་བསམ་རང་བཏང་མི་དགོ་” ཟེར་སླབ་ནི་འདི་འརྫོལ་ར་འརྫོལ་སོ་འདུག།
No comments:
Post a Comment